for it is in the minds of men and women that the defences of peace and the conditions for sustainable development must be built. ~UNESCO

Tuesday, November 8, 2011

Fulfilling an Unfulfilled Project- College Magazine PART IV


བྱི་ལི་དང་རོ་ཁྱིའི་བར་གྱི་འཁོན།

༉    ཧེ་མར་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་སྐབས་ལུ་  བྱི་ལི་དང་རོ་ཁྱི་གཉིསཔོ་ ལཱ་གཡོག་ག་ནི་ཡང་མེད་པར་ སྡོད་པའི་བར་ན་རང་ ཁོ་གཉིས་ཆ་རོགས་བསྡོམས་སྦེ་ དགའ་ཏོག་ཏོ་འབད་སྡོད་དེ་ ལོ་ངོ་གསུམ་དེ་ཅིག་ཡར་སོང་ནུག། དེ་ལས་ རོ་ཁྱི་གིས་ གནས་ཚང་གཅིག་འཚོལ་ཚར་བའི་མཐར་ ཕྱུག་གུ་གསུམ་ཡང་འཚའ་ཡོདཔ་ལས་ ཁོང་རོ་ཁྱི་བཟའ་ཚང་ཚུ་ ཟ་ནི་མེདཔ་ལས་ ཆ་རོགས་བྱི་ལི་འབད་སར་ ལྟོ་འཚོལ་བར་འགྱོཝ་ད་  བྱི་ལི་གིས་ཡང་ ཆ་རོགས་རོ་ཁྱི་ལུ་ ཕྱེ་བྱེ་དོ་བསྐྱི་བར་བྱིན་ནུག།

ནམ་ཅིག་གི་ཚེ་ བྱི་ལི་གིས་རོ་ཁྱི་འབད་སར་  ཕྱེའི་བསྐྱི་མ་ལེན་པར་འགྱོ་བའི་སྐབས་ལུ་  རོ་ཁྱི་དེ་ ཁྱིམ་ནང་མེད་པར་  ཕར་ཚུར་འཚོལ་བའི་མཐའ་མར་ མི་ཚན་ཕྱུགཔོ་གཅིག་གི་སྒོ་སྲུང་འབད་སྡོད་ཡོདཔ་མཐོང་ནུག། དེ་ལས་ བྱི་ལི་གིས་ དབའི་ལྟོ་ཚང་ ཁྱོད་རང་གིས་ སེམས་ཀྱིས་ཚོར་ཏེ་  བསྐྱི་མ་སྤྲོད་པར་འོང་ནི་ཕར་བཞག། ནཱ་ལེན་པར་འོང་རུང་  ཁྱོད་འཚོལ་མ་ཐོབ་པར་ ལཱ་ཁག་རང་རྐྱབ་ཅི།  ད་རིས་འབདན་ ངེ་གི་ཕྱེའི་བསྐྱི་མ་དགོ་རང་དགོ་སྨྲ་རེད་ ཟེར་སླབ་ད།  རོ་ཁྱི་གིས་ ཁྱོད་ལས་ཕྱེ་ནམ་བསྐྱིས་ཡི་གོ། ང་རང་ཡང་ ཟ་མ་ཚར་ འཐུང་མ་ཚར་སྦེ་སྡོདཔ་ད་ ཁྱོད་ལས་ཕྱེ་ག་ཅི་འབད་བསྐྱི་ནི་ས། ཟེར་ རོ་ཁྱི་གིས་ ཁ་དབང་བཙོངམ་ལས་  བྱི་ལི་དབུགས་འགམས་ཏེ་  སངས་རྒྱས་བཞུགས་སར་སོང་ཞིནམ་ལས་ རོ་ཁྱི་གིས་ སླབ་མི་ཚུ་ཞུ་ད།  སངས་རྒྱས་ཀྱིས་ བྱི་ལི་ཁྱོད་ཡང་ ཕྱུགཔོ་དེ་གི་ཁྱིམ་ནང་གི་ འབྲུ་སྣ་སྲུང་མི་འབད་སྡོད་པ་ཅིན་ ཕྱེ་གི་སྐོར་ལས་ རོ་ཁྱི་ལུ་ནམ་ཕྱདཔ་ཅིག་ སླབ་ནིའི་གོ་སྐབས་འཐོབ་ཟེར་གསུངས་ནུག།

དེ་ལས་སངས་རྒྱས་ཀྱིས་ གསུངས་དོ་བཟུམ་སྦེ་  བྱི་ལི་གིས་ མི་ཕྱུགཔོ་དེ་གི་ཁྱིམ་ནང་སོང་སྟེ་  གཉེར་ཚང་ནང་དང་འབྲུ་སྣ་ཚུ་སྲུང་མི་འབད་སྡོད་དེ་ ཁོང་གཉིས་གཅིག་གིས་གཅིག་ལུ་ ནང་ན་ལས་ ངལ་མ་རངས་པར་སྡོདཔ་ལས་ ཉིནམ་ཅིག་འབདཝ་ད།  བྱི་ལི་ཉིམ་ནང་འཐོན་དགོ་མནོ་སྟེ་ གཉེར་ཚང་ནང་ལས་སྒོ་ཁར་འཐོན་འགྱོ་ནི་འབདཝ་ད།  རོ་ཁྱི་གིས་བཏང་མ་བཏུབ་པར་ སོ་སྤྱིས་ཏེ་ངརཝ་ལས་  བྱི་ལི་གིས་ཁོ་བདེན་པ་མེད་མི་གིས་ཡང་ དེ་སྦེ་འབད་བ་ཅིན་  ང་གིས་ཁོ་ཡང་ ངོ་ཚ་བཅུག་གེ་ནོ་ཟེར་མནོ་བསམ་བཏང་སྟེ་  ཕྱེ་ཕྱེ་ཟེར་སྐད་རྐྱབ་ད་   རོ་ཁྱི་ཡང་རྒྱབ་བཤུད་བརྐྱབ་དགོསཔ་བྱུང་ནུག

རྒྱུ་མཚན་དེ་གིས་འབད་  ད་རེས་ནངས་པར་ཡང་ རོ་ཁྱི་དང་བྱི་ལི་གཉིས་གཅིག་ཁར་ཕྱདཔ་ད་ བྱི་ལི་གིས་ ཕྱེ་ཕྱེ་ཟེར་སླབ་མི་འདི་ ཕྱེ་གི་བསྐྱིས་མ་བདའ་བའི་ཚུལ་ཨིན་པས་ ཟེར་ཞུ་ནི་ཨིན་ལགས།  དེ་འབདཝ་ལས་བརྟེན་ ང་བཅས་ག་ར་ཨིན་རུང་ རོགས་ལུ་ སྤྲོད་ནི་ཡོད་པའི་བསྐྱིས་མ་འདི་ སེམས་ཀྱིས་ཚོར་ཏེ་ སྤྲོད་མ་ཚུགས་པ་ཅིན་ ཚེ་འདི་ཕྱི་གཉིས་ཀ་ལུ་གཅིག་གིས་གཅིག་ལུ་ ངལ་མ་རངས་པར་སྡོད་དགོཔ་འབྱུང་ནི་ཨིནམ་ལས་  རོགས་ཀྱི་བསྐྱིས་མ་སྤྲོད་དགོཔ་འདི་ གལ་ཆེ་ཤོག་ཅིག་ཨིན།།
ཆོས་རྒྱལ་སྒྲོལ་མ།
ལོ་ཡུན་བཞི་པའི་ལོ་ངོ་དང་པ།  རྫོང་ཁ་སྡེ་ཚན་ཁ་པ།

ཁ་བལ་མེད་པའི་ཆ་རོགས།

༉    སྔོན་བསྐལ་པ་དཔག་མེད་ཀྱི་དུས་ལུ་ ཧེ་མ་འབྱུང་མ་མྱོང་བའི་བུམོ་ མཁའ་འགྲོའི་མཚན་རྟགས་ དཔྱེ་རྒྱས་བཟང་པོ་བརྒྱད་ཅུ་དང་ལྡན་མི་ མཁའ་འགྲོ་ཚོགས་མ་ ཟེར་མི་གཅིག་བྱུང་ནུག། མོ་ལུ་ སེར་སྦྱངམ་ཚུ་སྦྲང་རྩི་ལེན་ནི་ལུ་འཁོར་དོ་བཟུམ་སྦེ་ བུ་ཚུ་མཐོང་རེ་མཐོང་ཚེ་ཅིགཔོ་གིས་ མོ་ལུ་དགའ་དོ་ཡོདཔ་ཨིན་མས། ཨིན་རུང་ རང་སོའི་ཚེ་སྔོན་གྱི་ལས་འབྲས་ལས་བརྟེན་ བུམོ་འདི་ལུ་ བུ་ཚུ་བཞི་དེ་ཅིག་ མོ་གིས་ཨ་རོགས་དགའ་རོགས་འབད་ཡོདཔ་ལས་ མོ་ལུ་བུ་ཚུ་བཞིཔོ་ཆ་རང་གིས་ གནམ་མེད་ས་མེད་དགའ་དོ་ཡོདཔ་ལས་ བུམོ་མཁའ་འགྲོ་ཚོགས་མ་ མོ་རང་གིས་ཡང་ ཁོང་བཞིཔོ་ཆ་རང་ལུ་ ཧིང་ལས་རང་གཅེས་ཏེ་དགའ་སྡོད་ནུག།

དེ་འབདཝ་ད ཁོང་བུཚུ་བཞིཔོ་ཆ་རང་གིས་ བུམོ་མཁའ་འགྲོ་ཚོགས་མ་གཅིག་ལུ་ དགའ་དོ་ཡོདཔ་ཨིནམ་འདི་ ཁོང་རང་ག་གིས་ཡང་ མི་ཤེས་དོ་ཡོདཔ་མས། དེ་སྦེ་འབྱུང་སྟེ་ལོ་དག་པ་ཅིག་གི་ཤུལ་ལུ ཉིནམ་གཅིག་འབདཝ་ད་ བུམོ་མཁའ་འགྲོ་ཚོགས་མ་འདི་ ཤུགས་འབད་རང་ན་སྟེ་ སྨོན་བཅོས་རིམ་གྲོ་ ག་ཅི་རང་འབད་རུང་ མོ་ལུ་ཕན་ཐབས་ཨ་ཙི་ཅིག་རང་མེད་པ་ འཇིག་རྟེན་འདི་ལས་ ཕ་རོལ་ལུ་འགྱོ་ནི་གུ་ལྷོད་པའི་དུས་ལུ་ མོ་གིས་མོ་རང་ལུ་དགའ་མི་བུ་ཚུ་བཞི་ལུ་ དེ་སྦེ་འདྲི་ནུག།



རང་གིས་དགའ་བའི་བུ་ཚུ་ག་ར་སྨོ། །ཁྱེད་དང་གཅིག་ཁར་སྡོད་ནི་སེམས་ཡོད་རུང་། །
འཇིག་རྟེན་འཆི་བ་རང་ལ་ཐུག་ཆིཝ་ལས། །ཚེ་ནི་འདི་ལས་འདས་ཏེ་འགྱོ་དགོ་པས། །
འཇིག་རྟེན་སྤངས་ཏེ་གཅིག་ཁར་འགྱོ་འོང་ག །

ཟེར་སེམས་སྐྱོ་བའི་ངང་ལས་དྲི་བའི་ཚེ་ མོ་ལུ་དགའ་མི་བུ་ཚུ་ དང་པ་འདི་ གནམ་མེད་ས་མེད་ ཐ་དམ་ཚིག་ཅན་ཅིག་ ཨིནམ་ལས་ ཁོ་གིས་དེ་སླབ་ནུག ཁྱོད་ལུ་གནམ་མེད་ས་མེད་ དགའཝ་ལས་ ང་འདི་ཁྱོད་ག་སྟེ་འགྱོ་རུང་ མཉམ་ཅིག་འགྱོ་ནི་ཨིན་ཟེར་སླབ་པའི་ལན་ལུ་ མོ་གིས་ སྡོད་རིང་ལུ་ལེགས་ཤོམ་ཅིག་ ག་ནི་ཡང་འབད་མ་ཚུགས་ཟེར་ བློ་འགྱོད་སྦོམ་བསྐྱེད་དགོཔ་བྱུང་ནུག།
བུཚུ་གཉིས་པ་འདི་ མོ་ལུ་དཀའ་ངལ་བྱུངམ་ད་ ཆ་རོགས་དང་གྲོགས་རམ་འབད་མི་ཅིག་ཨིན་རུང་ ཁོ་གིས་ཡང་ ང་གིས་ཁྱོད་ལུ་ ཧིང་ལས་རང་དགའ་རུང་ ཁྱོད་དང་མཉམ་ཅིག་འཇིག་རྟེན་སྤངས་ཏེ་ འགྱོ་མི་ཚུགས། ཨིན་རུང་ཁྱོད་ཀྱི་ཕུངཔོ་ མེར་གཏང་སར་ཚུན་ཚོད་ ལྷོད་ཚུགས་ཟེར་སླབ་པའི་སྐབས་ལུ་ མོ་གི་དོན་ཧིང་གནམ་མཁའི་འབྲུག་ལྡིར་དོ་བཟུམ་སྦེ་ འབད་དེ་ ག་ནི་ཡང་སླབ་མ་ཤེས་པར་ལུས་སོང་ནུག།
མོ་གི་སེམས་ཁར་ བུཚུ་གསུམ་པ་དེ་གིས་ཡང་ མོ་དང་གཅིག་ཁར་མི་འགྱོ་ནི་མས་ཟེར་ འདྲོག་སྡོད་པའི་བར་ན་ བུཚུ་འདི་
གིས་ མོ་ལུ་དེ་སྦེ་བསླབས་ནུག། ང་གིས་ཁྱོད་ལུ་ ཧིང་ལས་དགའ་སྟེ་འབད་རུང་ ཁྱོད་འཇིག་རྟེན་སྤངས་་ཏེ་འགྱོ་བ་ཅིན་ ང་གིས་ ཁྱོད་དང་གཅིག་ཁར་འགྱོ་མི་ཚུགས། དེ་བ་འདི་ ཨམ་སྲུ་སོ་སོ་ཅིག་དང་གཉེན་བརྐྱབ་སྟེ་ སྡོད་ནི་ཨིན་ཟེར་སླབ་ད་ མོ་གི་སེམས་འདི་ བྱ་སྒྲོ་རླུང་གིས་འབག་དོ་བཟུམསྦེ་ རྩ་ལས་མ་ཆགས་པས།
བུཚུ་བཞི་པ་དེ་ མོ་དང་གཅིག་ཁར་ འཆམས་ཏོག་ཏོ་འབད་སྡོད་མི་ཅིག་ཨིན་རུང་ ཁོ་གིས་ཡང་ ང་གིས་ཁྱོད་ལུ་མ་དགའཝ་མེད། ཧིང་ལས་རང་དགའ། དེ་འབདཝ་ད་ ཁྱོད་འཇིག་རྟེན་ཕ་རོལ་ཏུ་འགྱོ་བ་ཅིན་ ང་གིས་ཁྱོད་དང་གཅིག་ཁར་མི་འགྱོ་ཟེར་སླབ་པའི་སྐབས་ལུ་ མོ་གི་དོན་ཧིང་འགས་དོ་བཟུམ་སྦེ་ ཡར་སོང་ནུག།
སྤྱོད་འཇུག་ལས་ཡང་ :
དུས་ཀྱིས་བསྙེན་ནས་རང་ཉིད་འགྲོ་བའི་ཚེ།། ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་།།
སྐྱེས་བུ་འདི་ནི་གར་ནས་གར་འགྲོ་ཡང་།། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།

ཟེར་གསུངས་ཡོད་དོ་བཟུམ་སྦེ་ རང་ལུ་ག་ཅི་རང་ཡོད་རུང་ འཆི་བ་མི་རྟག་པ་འདི་ རང་ལུ་འོང་བའི་ཚེ་ ཕན་པ་ག་ནི་ཡང་མེདཔ་ལས་ གཙོ་བོ་ཚེ་ད་ལྟོ་ དགེ་བའི་ལཱ་ལུ་བརྩོན་ཏེ་ ཡོད་མེད་ལུ་རག་ལསཔ་ཨིན་མས། དེ་འབདཝ་ལས་ བུམོ་མཁའ་འགྲོ་ཚོགས་མ་ལུ་ དགའ་མི་བུ་ཚུ་བཞི་ཡོད་ས་ལས་ བུ་ཚུ་དང་པ་འདི་ མོ་རང་གི་སེམས་ མོ་ག་ཏེ་འགྱོ་སར་ རྟིང་བདའ་ནི་ཟེར་མི་དང་། བུ་ཚུ་གཉིས་པ་འདི་ མོ་རང་གི་ཕམ་སྤུན་ཆ་ཚུ་ མོ་ཤི་བའི་ཤུལ་ལུ་ དུར་ཁྲོད་ཁར་ཚུན་ཚོད་ ལྷོད་ཚུགས་ཟེར་མི་དང་། བུ་ཚུ་གསུམ་པ་འདི་ མོ་རང་གི་སྟོབས་གོ་ས་འདི་ཨིནམ་ལས་ དེ་གིས་མོ་རང་བཀོག་བཞག་ནི་མས་ ཟེར་འདྲོག་དགོཔ་མི་དང་། དེ་ལས་བུ་ཚུ་བཞི་པ་འདི་ མོ་རང་གི་གཟུགས་ མོ་དང་གཅིག་ཁར་ འགྱོ་དགོ་མ་མནོ་མི་འདི་ཨིན་མས།
དེ་འབདཝ་ལས་ སྲུང་འདི་ལུ་གཞི་བཞག་སྟེ རང་ལུ་ཡོད་པའི་རྒྱུ་ནོར་ལོངས་སྤྱོད་དང་ གཉེན་མཛའ་བཤེས་ཚུ་ རང་ཤི་བའི་ཚེ་ རང་དང་མཉམ་གཅིག་འབག་ནི་དང་ ཁྱིད་ནི་ཕར་བཞག། ཐ་ན་རང་གི་ཤ་ཁྲག་གི་ལུས་འདི་ཡང་ འབག་ནི་མེདཔ་ལས་གཙོ་བོ་ ད་ལྟོ་སྡོད་རིང་ལུ་ སྒྲུབ་པའི་དགེ་བའི་ལཱ་ལུ་ རག་ལས་ནི་ཨིནམ་ལས་ དགེ་བའི་ལཱ་ལུ་བརྩོན་ནི་དང་ རང་གི་གཉེན་དང་དགྲ་ལུ་བརྟེན་ ཆགས་སྡང་གི་ལས་བསགས་ནི་ཚུ་ སྤངས་དགོཔ་གལ་ཆེ།། །།
སྲུང་བྲིས་མི་   རྡོ་རྗེ་ཕུན་ཚོགས།
རྫོང་ཁ་ལོ་ཡུན་བཞི་པའི་ལོ་ངོ་དང་པ་ ཀ་སྡེ།

མ་བཅོས་སེམས་ཀྱི་རང་བཞིན།

ཧེ་མར་ཏོ་ཀ་ཕུག་གཡུས་ཚན་ནང་ལུ་  ཨཔ་རྡོ་བཟོ་བོ་མཁས་དྲག་ཅིག་ཡོདཔ་ཨིན་མས།  ཁོ་གི་མིང་འདི་ཡང་ ལྟཝ་པོ་ཟེར་ སླབ་དོ་ཡོདཔ་མས།  དེ་འབདཝ་ད་ ཨཔ་རྡོ་བཟོ་བོ་འདི་ ག་བ་ཡང་སྟོབས་ཤུགས་དང་ དབང་ཐང་ཆེ་དྲག་ཅིག་ འབད་དགོ་མནོ་སྟེ་རང་ སྡོདཔ་མ་གཏོགས་ རྡོ་བཟོ་བའི་ལཱ་འདི་ ལེགས་ཤོམ་ཅིག་ཨིན་རུང་ དེ་ལུ་སྤྲོ་བ་མ་བསྐྱེད་པར་ རྡོ་བཟོ་བའི་ལཱ་འདི་ སྐྱོ་ཤོས་ཅིག་འབད་ཆ་བཞག་པའི་གུ་ ཁོ་རང་ཡང་ ཐབས་རང་མེད་པར་ རྡོ་བཟོ་བའི་ལཱ་འདི་ འབད་སྡོད་དོ་ཡོདཔ་ཨིན་མས།

ནམ་ཅིག་འབདཝ་ད་ ཁོ་རྡོ་བཟོ་བའི་ལཱ་འབད་དེ་ སྡོད་པའི་སྐབས་ལུ་ མི་ཕྱུགཔོ་བྱ་རོགས་དང་ རྟ་ལེ་ཤ་ཁྱིད་དེ་ འོང་མི་ཅིག་མཐོང་ནུག། དེ་ལས་ ཁོ་མི་ཕྱུགཔོ་དེ་ལུ་སེམས་ཤོར་ཏེ་ ང་ཡང་ ཁོ་བཟུམ་སྦེ་ མི་ཕྱུགཔོ་ཅིག་ཨིན་པ་ཅིན་ ག་ལུ་ཡང་རེ་མི་དགོ་པར་ འཛམ་གླིང་འདི་ནང་ལུ་ སྟོབས་ཤུགས་ཆེ་དྲག་ཅིག་འབད་ སྡོད་ནི་མས་ ཟེར་མནོཝ་ཅིག་ དེ་འཕྲོ་ལས་ རྡོ་བཟོ་བོ་འདི་ མི་ཕྱུགཔོ་ཅིག་ལུ་གྱུར་སོང་ནུག།

དེ་ལས་ ཁོ་མི་ཕྱུགཔོ་འཛམ་གླིང་འདི་ནང་ལུ་ མིང་གཏམ་ཅན་ཅིག་འབད་སྡོད་དེ་ བྱ་རོགས་དང་ གནསམོ་གནས་ཚང་ཚུ་གིས་སྐོར། རྒྱུ་ནོར་ལོངས་སྤྱོད་ལུ་ སྤྲོ་བ་སྟོན་ཏེ་ སྡོད་ནི་གི་མནོ་བསམ་གཏང་རུང་ རྒྱུ་ནོར་གཅིག་གིས་ གཉིས་བཟོ་ནི་གི་འབྱེཝ་དང་། ཡོད་པའི་རྒྱུ་ནོར་བརླག་འོང་མནོ་སྟེ་ སྲུང་བའི་སྡུ་ག་བསྔལ་དང་། མེད་མི་འཚོལ་བའི་སྡུག་བསྔལ་གྱིས་ སེམས་ལུ་བདེ་བ་ ཡུད་ཐེངས་ཅིག་རང་མེད་པར་སྡོད་ནུག།

དེ་ཅིག་གི་བར་ན་ དབང་ཐང་གཟི་བརྗིད་ཆེ་བའི་དཔོན་ཅིག་ སྐུ་སྲུང་དམག་མི་སྟོང་དང་བཅསཔ་འབད་ བཙུནམོ་དང་ བློན་པོའི་འཁོར་ཚུ་གིས་བསྐོར་ཏེ་ འབྱོན་སར་མཐོངམ་ལས་ རྡོ་བཟོ་བོ་འདི་གི་སེམས་ཁར་ ང་ཡང་ དེ་བཟུམ་མའི་དབང་ཚད་ཡོད་པའི་མི་ཅིག་ཨིན་པ་ཅིན་ ཟེར་མནོཝ་ཅིག་ ཁོ་སྟོབས་དབང་ཐང་ཆེ་བའི་དཔོན་ཅིག་ལུ་ གྱུར་སོང་ནུག། དེ་ལས་ཁོ་དཔོན་འབད་དེ་ དབང་ཐང་གཟི་བརྗིད་ངོམས། དཔལ་དང་འབྱོར་པ་ལུ་ ལོངས་སྤྱོད་དེ་ སྡོད་ནི་གི་མནོ་བསམ་ཡོད་རུང་ རྒྱལ་ཁབ་སྐྱོང་བའི་དཔོན་ཅིག་འབད་བའི་བསྒང་ལས་ གཉེན་སྐྱོང་ནི་དང་ དགྲ་བརྟུལ་ནི་ལ་སོགས་པའི་ཕྱག་ལཱ་དང་ རང་གི་སྟོབས་དང་དབང་ཐང་ ད་ལྟ་རང་ མར་མི་ཉམས་ག་ མནོ་བའི་ཐུགས་ཀྱི་ཚ་གྱང་དང་། ག་དེ་སྦེ་འབད་བ་ཅིན་ སྟོབས་དབང་ཐང་གཞན་གྱིས་ འགྲན་ཟླ་མེདཔ་ལུ་ བཟོ་ཚུགས་ག་མནོ་བའི་ ཐུགས་འདོད་ཀྱིས་ ཉལ་རུང་གཉིད་མེད་ བཟའ་རུང་བཅུད་མེདཔར་སྡོད་ནུག།

ནམ་ཅིག་གི་ཚེ་ ལྡུམ་ར་ནང་ལུ་ ཁམས་སངས་བྱོན་པའི་སྐབས་ལུ་ གནམ་ཁ་ལས་ཉིམ་ཤུགས་འབད་ཤར་ཏེ་ ཡོདཔ་མཐོངམ་ལས་ ཁོ་གིས་མནོ་བསམ་ལུ་ འཛམ་གླིང་ནང་ལུ་ ག་གིས་ཡང་འགྲན་ཟླ་འབད་མ་ཚུགས་མི་འདི་ ཡར་གནམ་མཁར་ཤར་བའི་ཉིམ་ཅིག་རང་ཨིན་པས་ ཟེར་མནོ་སྟེ་ ང་ཡང་ གནམ་མཁར་ཤར་བའི་ཉིམ་འདི་ཨིན་པ་ཅིན་ ཟེར་མནོཝ་ཅིག་ཉིམ་ལུ་ གྱུར་སོང་ནུག།

དེ་ལས་ འཛམ་གླིང་མུན་པ་སེལ་བའི་ཉིམ་འབད་དེ འཛམ་གླིང་བསྐོར་ར་རྐྱབ་པའི་སྐབས་ལུ་ དུས་ཚོད་དང་འཁྲིལ་ཏེ་ མགྱོགས་ལྷོད་མེད་པར་ འཛམ་གླིང་བསྐོར་དགོ་པའི་གུ་ འཕྲལ་འཕྲལ་རང་  ས་སྨུག་གིས་སྤུར་ཏེ་ ཉིམ་ཁོ་རང་གི་གཟུགས་ཡང་ མཐོང་མ་ཚུགསཔ་འབད་ བཟོ་དོ་ཡོདཔ་ལས་ ཁོ་གི་མནོ་བསམ་ལུ་ ཉིམ་ལས་ཡང་ཤུགས་ཆེ་ཤོས་ ས་སྨུག་ཨིན་པས། དེ་འབདཝ་ལས་ ང་ས་སྨུག་ཨིན་པ་ཅིན་བཏུབ་པས་ ཟེར་མནོཝ་ཅིག་ ས་སྨུག་ལུ་གྱུར་ཏེ་ གནམ་མཁའ་གི་ཉིམ་འདི་སྤུར་བར་ འགྱོ་བའི་སྐབས་ལུ་ རླུང་འཚུབ་ཤུགས་ཅན་ཅིག་འཕུར་སྟེ་ ས་སྨུག་འདི་ཕྱག་བཏང་ད་ནུག།
       
དེ་ལས་ ཁོ་གིས་མནོ་བསམ་ལུ་ ས་སྨུག་བ་ཡང་ ཤུགས་ཆེ་ཤོས་རང་ རླུང་འཚུབ་ཨིན་པས་ ང་ཡང་རླུང་འཚུབ་ཨིན་པ་ཅིན་ ཟེར་མནོཝ་ཅིག། ཁོ་རླུང་འཚུབ་ལུ་གྱུར་སོང་ནུག། དེ་ལས་ ཁོ་གིས་ས་སྨུག་ཚུ་ ག་ཏེ་གུ་ཏེ་མེད་པར་ ཕྱག་བཏང་སྟེ་ ཁོ་རང་ག་དགའ་སར་འགྱོ་ནི་ ཟེར་མནོ་སྟེ་ ཤུགས་ཡོད་ཚད་ཅིགཔོ་བཏོན་ཏེ་ འགྱོ་བའི་སྐབས་ལུ་ རླུང་འཚུབ་ཀྱི་ལམ་འདི་ བྱག་སྦོམ་ཅིག་གིས་ བཀག་བཞག་ནུག། དེ་ལས་ ཁོ་རྣམ་རྟོག་ལངས་ཏེ་ ད་འབདན་ག་རང་ལས་ དབང་ཚད་ཅན་དང་ སྟོབས་ཤུགས་ཡོད་མི་འདི་ རྡོ་འོང་ནི་ཨིན་པས་ ང་ཡང་རྡོ་ཨིན་པ་ཅིན་ ཟེར་མནོཝ་ཅིག་ ཁོ་རྡོ་སྦོམ་ཅིག་ལུ་གྱུར་སོང་ནུག།

དེ་ལས་ ཁོ་རྡོ་སྦོམ་ཅིག་འབད་ནི་དེ་གིས་ ག་གིས་ཡང་དཀྲོགས་མ་ཚུགས་པར་ ཁོ་རང་གིས་ ཁོ་རང་ལུ་བལྟ་སྟེ་ ངལ་རངས་ཏེ་སྡོད་པའི་སྐབས་ལུ་ དོ་རུང་ གཡུས་ཏོ་ཀ་ཕུག་ལས་ ཨཔ་རྡོ་བཟོ་བོ་ཅིག་ ལྕགས་ངར་གཅིག་དང་ ལྕགས་ཀྱི་ཐོཝ་ཅིག་འབག་སྦེ་ ཁོ་རང་གི་ཁྱིམ་བཟོ་ནིའི་དོན་ལས་ རྡོ་འདི་སྤོག་ནི་འགོ་བཙུགས་ནུག།

དེ་ལས་ ཁོ་གི་སེམས་ཁར་ རྡོ་ལས་ཡང་ ཤུགས་ཆེ་ཤོས་ རྡོ་བཟོ་བོ་ཨིན་པས། ང་རྡོ་བཟོ་བོ་ཨིན་པ་ཅིན་ཟེར་མནོཝ་ཅིག་ ཧེ་མར་ག་ཨིནམ་བཟུམ་སྦེ་ རྡོ་བཟོ་བོ་ལུ་གྱུར་སོང་ནུག། དེའི་སྐབས་ལུ་ ཁོ་གི་སེམས་ཁར་ ང་ཧེ་མ་ལས་རང་ རྡོ་བཟོ་བོ་འབད་སྡོད་ད་རུང་ ཀྲིག་ཀྲི་བཏང་ནུག། ངོམས་ནི་མེད་པའི་འདོད་པ་འདི་གིས་ དུས་ཚོད་ག་རང་འཕྲོ་བརླགས་ཡར་སོང་ཡི་ ཟེར་བློ་འགྱོད་སྦོམ་རང་ བསྐྱེད་དགོཔ་འབྱུང་ནུག་གོ། 
འབྲི་མི་་་་་་་་་་བཀྲ་ཤིས་ཚེ་རིང་།
ལོ་ཡུན་བཞི་པའི་རྫོང་ཁ་ལོ་ངོ་དང་པ་ ཀ་སྡེ།

མི་ལུ་ཚེ་ལོ་བརྒྱ་པ་ཟེར་ ག་ཅི་འབད་སླབ་སྨོ་ ?

   ཧེ་མར་ ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚར་ ནང་བཅུད་ཀྱི་སེམས་ཅན་ མ་ཆགས་པའི་སྐབས་ཅིག་ན་ སངས་རྒྱས
བཅོམ་ལྡན་འདས་ མངོན་པར་དགའ་བའི་ཞིང་ཁམས་ལུ་ བཞུགས་ཏེ་ཡོདཔ་ཨིན་མས། ཉིནམ་ཅིག་འབདཝ་ད་ སངས་རྒྱས་ཀྱིས་ ལྷོ་འཛམ་བུ་གླིང་ལུ་ཡང་ སེམས་ཅན་གྱི་བསྐལ་པ་ཅིག་ བཙུགས་དགོ་པས་ཟེར་ ཐུགས་བཞེས་གནང་སྟེ་ སངས་རྒྱས་ཀྱི་སྐུ་མདུན་ལུ་ ཡོད་པའི་མི་འདི་ལུ་ དེ་སྦེ་གསུངས་ནུག། དབའི་ མི་ཁྱོད་ཀྱིས་ མར་ལྷོ་འཛམ་བུ་གླིང་ལུ་སོང་ཞིནམ་ལས་ མིའི་བསྐལ་པ་ཅིག་ འགོ་བཙུགས་ད། ཁྱོད་ཀྱི་ཚེ་ལོ་འདི་ཡང་ བཞི་བཅུ་ཐུབ་ནི་ཨིན་ ཟེར་གསུངས་ནུག།

དེ་ལས་མི་གིས་ ང་ལུ་ཆ་རོགས་དག་པ་ཅིག་དགོ་ཟེར་ ཞུཝ་ད་ སངས་རྒྱས་ཀྱིས་ གླང་ རོ་ཁྱི་ བྱི་ལི་གསུམ་ ཤོག་ཟེར་བཀའ་གནང་སྟེ་ དང་པ་ར་ གླང་ལུ་དེ་སྦེ་གསུངས་ནུག། གླང་ཁྱོད་ཀྱིས་ མར་འཛམ་བུ་གླིང་ལུ་སོང་ཞིནམ་ལས་ མི་ཚུ་ལུ་ཁྱོད་ཀྱིས་ལཱ་འབད་ནི་ལུ་ ཆ་རོགས་འབད་བྱིན་དགོ། ཁྱོད་ཀྱི་ཚེ་ཚད་འདི་ཡང་ ལོ་བཞི་བཅུ་ཐུབ་ནི་ཨིན་ཟེར་གསུངས་ནུག།

དེ་བཟུམ་སྦེ་ རོ་ཁྱི་ལུ་ཡང་ ཁྱོད་འཛམ་བུ་གླིང་ལུ་སོང་ཞིན་ན་ མི་དང་རྒྱུ་ནོར་ཚུ་ལུ་ ཕྱིའི་གནོད་པ་ལས་སྲུང་ནི་ལུ་ ཆ་རོགས་འབད་བྱིན། ཁྱོད་ཀྱི་ཚེ་ཚད་འདི་ཡང་ ལོ་བཞི་བཅུ་ཐུབ་ནི་ཨིན་ཟེར་གསུངས་ནུག། མཇུག་རང་ བྱི་ལི་ལུ་ ཁྱོད་ཀྱིས་ འཛམ་བུ་གླིང་ལུ་སོང་ཞིནམ་ལས་ རྒྱུ་ནོར་ལོངས་སྤྱོད་ཚུ་ལུ་ ནང་གི་གནོད་པ་ལས་སྲུང་བྱིན། ཁྱོད་ཀྱི་ཚེ་ཚད་འདི་ཡང་ ལོ་བཞི་བཅུ་ཐུབ་ནི་ཨིན་ཟེར་གསུངས་ཏེ་ ཁོང་བཞི་འཛམ་བུ་གླིང་ལུ་ བཏང་ནུག།

དེ་ལས་ ཁོང་འཛམ་བུ་གླིང་ལུ་ལྷོད་ཞིནམ་ལས་ མི་འདིནི་སྔོན་བསགས་ བསོད་ནམས་ཀྱི་འབྲས་བུ་ལས་བརྟེན་ཏེ་ འཚིག་པའི་ཉིམ་ནང་མ་འཐོན་ གྱང་བའི་ཆརཔ་ནང་འགྱོ་མ་དགོ་པར་ ཁྱིམ་ནང་ལུ་སྡོད་ ཟ་འཐུང་ལོངས་སྤྱོད་ལུ་སྤྱོད་དེ་ སྡོད་དོ་ཡོདཔ་ལས་ ཉིནམ་ཅིག་འབདཝ་ད་ གླང་གི་སེམས་ཁར་ མི་འདིནི་ ཁྱིམ་ནང་དགའ་སྤྲོ་ ཚད་མེདཔ་སྟོན་ཏེ་སྡོད་ནི་འདུག། ངནི་ ཉིམ་དང་ཆརཔ་ནང་ཐོན་ཏེ་ མི་གི་དོན་ལས་ལཱ་འབད་དགོ་པས། དེ་སྦེ་ལཱ་འབད་དེ་ ལོ་བཞི་བཅུ་རྫོགས་ཚུགས་པར་ ལཱ་ཁག་གཏང་ནི་ཨིན་མས། ག་དེ་འབད་རུང་ སངས་རྒྱས་ཀྱི་ཞབས་སར་བཅར་དགོ་པས་ཟེར་ ལོག་སྟེ་སངས་རྒྱས་ཀྱི་ཞིང་ཁམས་ལུ་སོང་ནུག།

དེ་ལས་ གླང་གིས་ འགྲོ་བ་མི་འདི་ ཟ་འཐུང་ལོངས་སྤྱོད་ཀྱི་ཐོག་ལུ་ དགའ་སྤྲོ་བསྒྱུར་ཏེ་སྡོདཔ་ཨིན་མས། རང་འདིནི་ ཉིམ་དང་ཆརཔ་ནང་འཐོན་ཏེ་ མི་གི་དོན་ལས་  ལཱ་འབད་དགོ་པས། དེ་སྦེ་ལཱ་འབད་དེ་ ལོ་བཞི་བཅུ་སྡོད་ནི་འདི་ མནོ་བསམ་གཏང་མ་ཚུགས་པའི་ལཱ་ཅིག་ཨིནམ་ལས་ ངེའི་ཚེ་ལོ་འདི་ མར་ཕབ་སྟེ་ ལོ་ཉི་ཤུ་སྡོད་ནི་ཡོདཔ་ཅིག་ མཛད་གནང་ཟེར་ཞུཝ་ད། སངས་རྒྱས་ཀྱིས་ ཁྱོད་ཀྱི་ཚེ་ཚད་ ལོ་བཞི་བཅུ་ལས་ ལོ་ཁལ་གཅིག་འདི་ ག་ལུ་བྱིན་ནི་སྨོ་ཟེར་གསུངམ་ད་ གླང་གིས་ འགྲོ་བ་མི་ལུ་སྤོ་གནང་ཟེར་ ཞུཝ་བཞིན་དུ་ སངས་རྒྱས་ཀྱིས་འགྲོ་བ་མི་ལུ་ སྤོ་གནང་ནུག། དེ་ལས་ཚུར་ མི་གི་ཚེ་ལོ་འདི་ ལོ་དྲུག་བཅུ་ཐམ་པ་ལུ་ ཡར་སེང་སོང་ནུག།

དེ་བཟུམ་སྦེ་ རོ་ཁྱི་དང་བྱི་ལི་དེ་ཡང་ ཉིན་ནུབ་མེད་པར་ཁྱིམ་སྲུངམ་སྲུང་ས་རང་ སྡོད་དགོ་ནི་འདི་གིས་ ལྟོཝ་བཀྱེས་ནི་དང་ ཁ་སྐོམ་པའི་སྡུག་བསྔལ་ ཚད་མེདཔ་མྱོང་སྟེ་ དཀའཝ་སྤྱད་དགོཔ་ཐོན་སོངམ་ལས་ ཁོང་གཉིས་ཀྱིས་ཡང་ སངས་རྒྱས་ཀྱི་ཞབས་སར་བཅར་ནུག། དེ་ལས་ སངས་རྒྱས་ཀྱིས་ ཁྱེད་གཉིས་ག་ཅི་འབད་བར་འོང་ཡི་ཟེར་གསུངམ་ད་ ཁོང་གཉིས་ཀྱིས་ཡང་ ཧེ་མར་གླང་གིས་ ཞུ་དོ་བཟུམ་སྦེ་རང་ཞུཝ་ད་ སངས་རྒྱས་ཀྱིས་ཡང་ ཧེ་མ་བཟུམ་སྦེ་རང་ རོ་ཁྱི་ལས་ལོ་ཁལ་གཅིག་ མི་ལུ་སྤོ་གནངམ་ད་ མི་གི་ཚེ་ཚད་འདི་ ལོ་བརྒྱད་བཅུ་ལུ་ ཡར་སེང་སོང་ནུག། དེ་ལས་མཇུག་རང་ བྱི་ལི་ལས་ཡང་ ལོ་ཁལ་གཅིག་ འགྲོ་བ་མི་ལུ་ སྤོ་གནངམ་ད་ མིའི་ཚེ་ཚད་འདི་ བརྒྱ་གཅིག་ལུ་ ཡར་སེང་སོངམ་ལས་བརྟེན་ མི་ལུ་ཚེ་ལོ་བརྒྱ་པ་ཟེར་ སླབ་སྲོལ་ཡོད་མི་འདི་ཡང་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་མས།

རྒྱུ་མཚན་དེ་འབདཝ་ལས་བརྟེན་ཏེ་ ད་རེས་ནངས་པར་ ང་བཅས་རའི་འགྲོ་བ་མི་འདི་ཚུ་ རང་ལོ་བཞི་བཅུ་ཚུན་ཚོད་ཀྱི་རིང་ལུ་ དགའ་སྐྱིད་ཀྱི་ངང་ལུ་སྡོད་ཚུགས་མི་འདི་ མི་རང་ར་སོ་སོ་ལུ་ སངས་རྒྱས་ཀྱིས་ སྐལཝ་བགོ་བཤའ་འབད་གནང་བའི་ལོ་ཚད་ ངོ་མ་ཅིག་ཨིནམ་ལས་བརྟེན་ཨིན་པས།

རང་ལོ་བཞི་བཅུ་ལས་ དྲུག་ཅུའི་བར་ན་ མིའི་སྡུག་བསྔལ་གཙོ་བོ་གཅིགཔོ་འདི་ ཤུལ་ལས་ རང་སྡོད་སའི་ཁྱིམ་དང་ རྒྱུ་ནོར་ལོངས་སྤྱོད་ ལ་སོགས་པ་སྒྲུབ་ནིའི་མནོ་བསམ་མཁོ་ན་གི་ཐོག་ལས་ ཐ་ན་ བཞེས་སྒོ་ཟ་བའི་ཡུན་ཅིག་ཡང་ བདེ་བར་སྡོད་ནི་མེད་པར་ ཚ་གྲང་གི་སྡུག་བསྔལ་ ག་བཟུམ་ཡང་བཟོད་དེ་ ཉིན་མཚན་མེད་པར་ ལཱ་ལུ་བརྩོན་ཤུགས་བསྐྱེད་དེ་ འབད་དགོཔ་ཐོན་མི་འདི་ དེ་ཁའི་ལོ་ཡུན་ཁལ་གཅིགཔོ་འདི་ གླང་ལས་ཕྱི་ཕྱིཝ་ཨིནམ་ལས་བརྟེན་ ཨིན་ཟེར་ཨིན་པས།

སྐྱེས་ལོ་དྲུག་ཅུ་ལས་ བརྒྱད་ཅུའི་བར་ན་ ང་བཅས་རའི་མིའི་སྟོབས་ཤུགས་ཚུ་མར་ཉམས་ཏེ་འགྱོཝ་མ་ཚད་ རང་གིས་ལཱ་ག་ཅི་རང་འབད་རུང་ འཁྱུན་ཐོན་ཚུགསཔ་ཅིག་མེད་རུང་ གཞན་གྱི་ལཱ་ལུ་ ཡིད་མ་ཚིམས་པར་ ཁ་བཀོད་རྐྱབ་ནི་དང་ ཚོགས་བརྡ་བཏང་ནི་ལ་སོགས་པ་ དཔེར་ན་ རོ་ཁྱི་ཧབ་དོ་བཟུམ་སྦེ་ འབད་མི་འདི་ དེ་ཁའི་ལོ་ཡུན་ཁལ་གཅིགཔོ་འདི་ རོ་ཁྱི་ལས་ཕྱི་ཕྱིཝ་འབད་ནི་གིས་ཨིན་པས།

རང་ལོ་ བརྒྱད་བཅུ་ལས་ གཅིག་བརྒྱའི་བར་ན་ མིའི་སྡུག་བསྔལ་གཙོ་བོ་ར་ རང་གི་གཟུགས་ཀྱི་དྲོད་མར་ཉམས་སོངམ་ལས་བརྟེན་ བྱི་ལི་བཟུམ་སྦེ་ ཐབ་ཀྱི་རྩ་བ་ལས་ ག་ཏེ་ལུ་ཡང་ འགྱོ་དགོ་མ་མནོ་བར་ལུས་མི་འདི་  དེ་ཁའི་ལོ་ཡུན་ཁལ་གཅིགཔོ་འདི་ བྱི་ལི་ལས་ཕྱི་ཕྱིཝ་འབད་ནི་འདི་གིས་ ཨིན་ཟེར་བཤདཔ་ཨིན་པས།

མ་གཞི་ ང་བཅས་ར་ འགྲོ་བ་མིའི་ཚེ་ལོ་ངོ་མ་འདི་ ལོ་གྲངས་བཞི་བཅུ་ལས་མེདཔ་ཨིན་རུང་ ཤུལ་ལས་ གླང་ རོ་ཁྱི་ བྱི་ལི་གསུམ་གྱི་ལོ་ལས་ ཁལ་རེ་ཕྱི་སྟེ་ མིའི་ཚེ་ལོ་ རང་གི་ལོ་བཞི་བཅུ་ཁར་ གཞན་ལས་ཕྱིའི་ལོ་ དྲུག་ཅུ་བཀལཝ་ད་ ལྷོ་འཛམ་བུ་གླིང་གི་མིའི་ཚེ་ཚད་འདི་ ཚེ་ལོ་བརྒྱ་ལུ་ ཡར་སེང་འགྱོ་དགོ་པའི་གནད་དོན་འདི་ཡང་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ཨིན་པས་ཟེར་ཞུ་ནི།།   །།

མཚོ་སྐྱེས་རྡོ་རྗེ
ཤེས་རིག་གཙུག་ལག་གཞི་རིམ་ཆུང་བ་ རྫོང་ཁ་ ལོ་ངོ་གསུམ་པ།


དབུལ་ཕོངས་སེལ་བའི་སྐྱབས་མགོན།

༉    སེམས་ཅ་ན་ཐམས་ཅད་བདེ་བ་དང་ བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། ཟེར་དྲིན་ཅན་རྩ་བའི་བླ་མ་དང་ ཡི་དམ་དཔའ་བོ་མཁའ་འགྲོ་ སྲུང་མ་དམ་ཅན་རྣམས་ལུ་ དད་མོས་ཀྱི་ཕྱག་ཕུལཝ་དང་གཅིག་ཁར་ ཡ་མཚན་ཆེ་བའི་ལོ་རྒྱུས་ཅིག་ཞུ་བ་ཅིན།

དེ་ཡང་ལོ་ ༡༠ གི་ཧེ་མར་ ཁེངས་རིགས་རྣམ་གསུམ་ཡོད་ས་ལས་ ཕྱི་སྐོར་ལུང་པ་ལུ་ བདེ་སྐྱིད་གླིང་ཟེར་མི་གཡུས་ཚན་འདི་ནང་ལུ་ ཨཔ་སྨིན་དྲུག་རྡོ་རྗེ་དང་ ཨམ་རིན་ཆེན་དབང་མོ་བཟའ་ཚང་གཉིས་ཡོད། ཁོང་གཉིས་ལུ་ཨ་ལོ་གཉིས་ཡོད་ས་ལས་ ཨ་ཞེམོ་གི་མིང་ཉི་མ་དབང་མོ་དང་ནུ་གཅུང་གི་མིང་ ཟླ་བ་རྒྱལ་མཚན།

ཁོང་སྤུན་ཆ་གཉིས་ ཉི་མ་དང་ཟླ་བ་འབད་སྐྱེ་སྐྱེཝ་འབད་ནི་འདི་གིས་ མིང་ཡང་ཉིམ་དང་ཟླཝ་ལས་རྟགས་དྲངས་སྦེ་བཏགས་ནུག། ཁོང་ལུ་སམ་ས་གཞི་དང་ རྒྱུ་ནོར་ལོངས་སྤྱོད་ཚུ་ག་ནི་ཡང་མེདཔ་མ་ཚད་ ཐ་ན་དུས་ཕོག་གསུམ་གྱི་ལྟོ་ཡང་ཟ་ནི་མེད་པར་ སྤྱང་ཀ་འབད་སྡོད་ནུག།

ཁོང་སྤུན་ཆ་གཉིས་ལོ་ ༢ མ་ལངམ་ལས་ ཁོང་གིས་ཨ་པ་སྨིན་དྲུག་རྡོ་རྗེ་འདི་ ཁོ་རའི་ཁྱིམ་ཚང་གི་ལཱ་སར་སོང་སྟེ་ ཞིང་ཁར་རྩ་རྫམ་པའི་སྐབས་ལུ་ རྐངམ་གཡས་པ་ལུ་ སྦུལ་གྱི་སོ་བཏབ་སྟེ་ སྨན་བཅོས་རིམ་འགྲོ་ག་ཅི་འབད་རུང་ དྲག་མ་ཚུགས་པར་ གྱོང་སོངཔ་ལས་བརྟེན་ ཁོང་མ་སྨད་གསུམ་ བྱམོ་མེད་པའི་བྱེའུ་ཅུང་མགུ་རིལ་རིལ་འབད་ ལུས་ནུག།

དོ་རུང་ ཁོང་སྤུན་ཆ་གཉིས་ལོ་བཞི་ལངམ་ད་ ཚེ་ཧེ་མའི་བསགས་པའི་བསོད་ནམས་ཆུངམ་ལས་ ཨམ་རིན་ཆེན་དབང་མོ་ཡང་དོན་ཧིང་གི་ནད་ལས་བརྟེན་གྱོང་སོང་ནུག། ཕམ་གཉིས་མེད་པའི་ཤུལ་ལུ་ ཨ་ལོ་གཉིས་ག་ཅིཡང་འབད་མ་ཤེས་པར་ དུས་ཕོག་གསུམ་གྱི་ལྟོ་ཡང་ཟ་ནི་མེད་པར་ ཨ་རྒས་སྐུ་ལྔ་རྒྱལ་མཚན་དང་མཉམ་ཅིག་ དཀའ་སྡུག་གི་ངང་ལུ་སྡོད་ཅི།

འཇིག་རྟེན་པའི་དཔེ་གཏམ་ལས་ཡང་ བསོད་ནམས་བྲེ་གིས་རྫོགས་རུང་ ཕུད་ཀྱིས་མ་རྫོགས་ ཟེར་བའི་གཏམ་བཟུམ་སྦེ་ གནམ་ལོ་ ༢༠༠༤ གི་ལོ་ལུ་ རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ མི་དབང་རྒྱལ་བཙུན་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ ཁེངས་རིགས་རྣམ་གསུམ་གྱི་རྫོང་ཁག་ནང་ལུ་ མི་སེར་ཚུའི་དཀའ་ངལ་སེལ་ཐབས་དང་ སྐྱིད་སྡུག་གནང་ཐབས་ཀྱི་དོན་ལས་ གཟིགས་བསྐོར་ལུ་བྱོན་ཡི།

དེའི་སྐབས་ལུ་ བདེ་སྐྱིད་གླིང་གཡུས་ཚན་ནང་ལུ་ཕེབས་སྐབས་ལུ་ འདི་དགའ་ལ་ མི་སྡེ་སློབ་གྲྭ་ནང་ལུ་ཡང་བྱོནམ་ད་ ཁོངསྤུན་ཆ་གཉིས་ བློ་གསར་སློབ་རིམ་ནང་ལུ་ཡོདཔ་ལས་ སློབ་གྲྭའི་དབུ་འཛིན་ སངས་རྒྱས་དབང་འདུས་གིས་ ཁོང་སྤུན་ཆ་གཉིས་ལུ་ སྐྱིད་སྡུག་ཡོད་པའི་སྐོར་ལས་ཞུཝ་ད་ ཨ་ཞེ་མཆོག་གིས་ཁོང་བཟའ་ཚང་གཉིས་ལུ་ འདྲི་དཔྱད་མཛད་ཞིནམ་ལས་ ཐུགས་ལུ་བཟོད་མ་ཚུགས་པའི་བྱམས་དང་རྙིང་རྗེ་འཁྲུངས་ཏེ་ ཁོང་གཉིས་ལུ་ ཏཱ་ར་ཡ་ན་གི་ཧོངས་ལས་ ཟླ་རིམ་བཞིན་དུ་དངུལ་ཀྲམ་ ༧༠༠ རེ་དང་། བདག་འཛིན་འཐབ་མི་ ཨ་རྒས་སྐུ་ལྔ་རྒྱལ་མཚན་ལུ་ཡང་ དངུལ་ཀྲམ་ ༥༠༠ རེ་སྐྱིད་སྡུག་ཐོབ་པའི་གྲལ་ཁར་བཙུགས་གནང་ཡི།

ཏཱ་ར་ཡ་ནའི་བཀའ་དྲིན་ལས་ ད་ལྟོ་ཁོང་གཉིས་སྤུན་ཆ་གཉིས་ སློབ་རིམ་ ༤ པ་ནང་ལུ་ ལྷབ་དོ་ཡོདཔ་ཨིན། ཁོང་གཉིས་ཀྱི་ཉིན་མཚན་མེད་པར་ སྤྱིར་མི་དབང་ཡབ་སྲས་ཚུ་ སྐུ་ཚེ་ཉི་ཟླ་དང་མཉམ་ མཛད་འཕྲིན་དར་ཞིང་རྒྱས་བཅུག་ཟེར་བའི་སྨོན་ལམ་དང་། ལྷག་པར་དུ་ མི་དབང་ཧ་ཞེ་མཆོག་ རྡོ་རྗེ་ལྟ་བུའི་སྐུ་བཟུམ་སྦེ་ སྐུ་ཚེ་ལུ་བར་རྐྱེན་མེད་པར་བཞུགས་ཏེ་ ཁོང་གཉིས་བཟུམ་སྦེ་སྡུག་བསྔལ་མྱོང་མི་གཞན་ཚུ་ཡང་ རྒྱལ་ཡུམ་སྒྲོལ་མ་སྐུ་དངོས་ ཨ་ཞེ་མཆོག་དང་མཇལ་བཅུག་ཟེར་ སྨོན་ལམ་བཏབ་དོ་ཡོདཔ་ཨིན།།     །།
འབྲི་མི་ ཀརྨ་ལས་སྐྱིད།
ལོ་ཡུན་གསུམ་གྱི་ལོ་ངོ་ དང་པ།

No comments:

Post a Comment